Псалтирь 26
Искуси меня, Господи
1༼དཱ་བིད་ཀྱི་མགུར༌མ།༽ བདག་གིས་སྔར་ནས་སྤྱོད་པ་དྲང་པོར༌སྤྱད། །གཡོ་བ་མེད་པར་ཁྱེད་ལ་བློ་གཏད༌པས། །ཀྱེ་ཀྱེ་ཡ་ཝཱེ་ང་ལ་དཀར་འདོན༌མཛོད།། 2བདག་ལ་ཚོད་ལྟ་དང་ནི་བརྟག་པར༌མཛོད། །སེམས་ དང་སྙིང་ཁོང་རུས་པའི་གཏིང་ལ༌དཔྱོད།། 3ཁྱེད་ཀྱི་བྱམས་བརྩེ་ནམ་རྒྱུན་མིག་མདུན༌དུ། །ཁྱེད་ཀྱི་བདེན་པའི་ལམ་ནང་འགྲུལ་བར༌བྱ།། 4གཡོ་སྒྱུ་ཅན་གྱི་གྲལ་དུ་ང་མི༌འདུག །ཚུལ་འཆོས་ཅན་དང་འགྲོ་འོང་ངས་མི༌བྱེད།། 5ངན་པའི་ཚོགས་ལ་ང་རང་སྡང་བ༌དང༌། །ངན་སྤྱོད་མཉམ་དུ་ང་རང་སྡོད་པ༌མིན།། 6ཡ་ཝཱེ་བདག་གིས་ཉེས་མེད་མཚོན་ཕྱིར༌དུ། །ལག་ཟུང་བཀྲུས་ ནས་ཁྱེད་ཀྱི་མཆོད་ཁྲིར༌སྐོར།། 7གཏང་རག་འབུལ་བའི་འབོད་སྒྲ་བསྒྲག་པ༌དང༌། །ངོ་མཚར་མཛད་པ་ཐམས་ཅད་བརྗོད་ཕྱིར༌རོ།། 8ཡ་ཝཱེ་ཁྱེད་ཉིད་བཞུགས་སའི་གནས༌མཆོག་དང༌། །ཁྱེད་ཀྱི་གཟི་བརྗིད་གདན་སར་ང༌རང་དགའ།།
9སྡིག་ཅན་ཁོངས་སུ་བདག་སེམས་མི་འཁྱེར༌ཞིང་། །ལག་དམར་ཁོངས་སུ་བདག་སྲོག་མི་ལེན༌རོགས།། 10དེ་རྣམས་ལག་ཏུ་གཡོ་འཕྲུལ་ཡོད་པ༌དང༌། །གཡས་ལག་རྣམས་སུ་ལྐོག་རྔན་གྱིས་གང༌ངོ༌།། 11འོན་ཀྱང་ང་རང་དྲང་པོར་འགྲུལ་བར༌བྱ། །ང་རང་བསྐྱབས་ནས་དྲིན་གྱིས་སྐྱོང་བར༌མཛོད།། 12བདག་གི་རྐང་པ་བདེ་སྙོམས་ས་རུ༌ཚུགས། །ང་ཡིས་ཚོགས་ནང་ཡ་ཝཱེར་བསྟོད་པར༌བྱ།།